༄༅།། སྐུ་ཉིད་རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་གི་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ།།

སྨན་ཁང་གི་ངོ་སྤྲོད།

ད་ལྟའི་དྲ་གནས།:དྲ་གནས་གཙོ་ངོས། > སྨན་ཁང་ངོ་སྤྲོད། > སྨན་ཁང་གི་ངོ་སྤྲོད།
༄༅། །རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། ཁུལ་བོད་སྨན་ཞིབ་འཇུག་ཁང་།
རྩོམ་པ་པོ། :admin   དུས་ཚོད།:2017-10-11 09:46 གྲོགས་པོར་མཉམ་སྤྱོད། :

སྨན་ཁང་ངོ་སྤྲོད།

རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། ཁུལ་བོད་སྨན་ཞིབ་འཇུག་ཁང་ནི་སྤྱི་ལོ་༡༩༩༡ལོར་དབུ་བརྙེས་ཤིང་། སྨན་བཅོས་དང་། ཚན་རིག་ཞིབ་འཇུག སློབ་གསོ། སྨན་སྦྱོར་བཟོ་སྐྲུན། ཁམས་གསོའི་བྱ་གཞག་བཅས་མཉམ་སྒྲུབ་བྱེད་ཅིང་། དེང་འདིར་རྒྱལ་ཁབ་རིམ་གཉིས་ཀ་བའི་བོད་ལུགས་སྨན་རྩིས་ཁང་དང་། རྒྱལ་ཁབ་གཙོ་གནད་མི་རིགས་སྨན་ཁང་། སི་ཁྲོན་ཞིང་ཆེན་གྱི་སྤུས་དག་བོད་སྨན་ཁང་བཅས་སུ་གྱུར་ཡོད། 

སྨན་ཁང་ལ་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ནི་སྨི་གྲུ་བཞི་མ་༡༥༦༢༥ཡོད་ཅིང་། ནད་པའི་ཉལ་ཁྲི་༡༨༠དང་། མི་གྲངས་༩༠བཀོད་བསྒྲིགས་ཡོད་ལ། ད་ཡོད་ལས་བཟོ་བ་༡༠༢ལས། སྨན་པ་འབུམ་རམས་པ་༨དང་། འབུམ་རམས་གཞོན་པ་༡༢རབ་འབྱམས་པ་༡༨བཅས་ཡོད། སི་ཁྲོན་ཞིང་ཆེན་ཀྲུང་(བོད་)སྨན་གྲགས་ཆེན་བཅུའི་ཡ་གྱལ་༡ སི་ཁྲོན་ཞིང་ཆེན་གྱི་བོད་སྨན་པ་གྲགས་ཅན་༣ རྔ་བ་ཁུལ་གྱི་བོད་སྨན་པ་གྲགས་ཅན་༣ ཞིང་ཆེན་གྱི་ཕུལ་བྱུང་གཞོན་དར་བོད་སྨན་པ་༡ ཞིང་ཆེན་གྱི་རིག་གཞུང་དང་ལག་རྩལ་སྣེ་ཁྲིད་རྗེས་འབྲངས་པ་༡ བོད་སྨན་འབུམ་རམས་པའི་བསླབས་གནས་ཡོད་པ་༢བོད་སྨན་རབ་འབྱམས་པའི་བསླབས་གནས་ཡོད་པ༡ དངོས་གཞིའི་བསླབས་གནས་ཡོད་པ་༤༠བཅས་ཡོད།

སྨན་ཁང་གི་ནད་ཐོག་ཚན་ཁག་ལ། སྨན་པ་གྲགས་ཅན་གྱི་ལས་སྒྲུབ་ཁང་དང་། ཆེད་མཁས་སྨན་པའི་ལས་སྒྲུབ་ཁང་། སྣ་འཛོམས་ཁོང་ནད་ཚན་ཁག ཕོ་ནད་ཚན་ཁག དཔྱད་བཅོས་ཚན་ཁག བོད་སྨན་ལུམས་བཅོས་ལྟེ་གནས། རྒས་གསོ་ཚན་ཁག མོ་ནད་ཚན་ཁག དབང་ལྔའི་ཚན་ཁག སྙིང་ཀླད་ཚན་ཁག མཆིན་མཁྲིས་ཚན་ཁག དོས་དྲག་ཚན་ཁག་སོགས་ཚན་ཁག་༡༢ཡོད། དེ་ལས་ཕོ་ནད་ཚན་ཁག་དང་དཔྱད་བཅོས་ཚན་ཁག་དག་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་ཆེད་བཅོས་ཚན་ཁག་ཡིན་ལ། བོད་སྨན་ལུམས་བཅོས་ལྟེ་གནས་དང། རྒས་གསོ་ཚན་ཁག་ནི་ཞིང་ཆེན་རིམ་པའི་གཙོ་གནད་ཆེད་བཅོས་ཚན་ཁག་ཡིན།

གཞོགས་འདེགས་ཚན་ཁག་ལ། འོད་བརྟག་ཁང་། རྫས་བཤེར་ཚན་ཁག ཚོན་སྒྲའི་བརྟག་ཁང་། སྙིང་པར་བརྟག་ཁང་། ཀླད་པར་བརྟག་ཁང་། ཕོ་ཤེལ་བརྟག་ཁང་། བོད་སྨན་བཟོ་སྐྲུན་ལྟེ་གནས་སོགས་ཚན་ཁག་༨ཡོད།

སྨན་ཁང་དུ་སྤྱོད་བཞིན་པའི་བརྟག་ཆས་ལ། DRདང་། CR ཨང་རྩིས་ཕོ་རྒྱུ་བརྟག་ཆས། ཚོན་སྒྲ། གློག་རྡུལ་ཕོ་ཤེལ། སྙིང་རེས་བརྟག་ཆས། རང་འགུལ་རྫས་བཤེར་དབྱེ་ཞིབ་དཔྱད་ཆས། ལུམས་བཅོས་ཉེར་སྤྱད། བོད་སྨན་ཆ་བྱད་སོགས་གནའ་དེང་གི་བརྟག་བཅོས་སྒྲིག་ཆས་སྣ་མང་ཡོད།

རྒྱལ་ཁབ་ཀྱི་GPPལྟར་འཛུགས་སྐྲུན་བྱས་པའི་བོད་སྨན་བཟོ་སྐྲུན་ལྟེ་གནས་ལ། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་༤༦༧༠ཡོད་ཅིང་། དེ་ལས་བཟོ་སྐྲུན་འཁོར་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་༡༩༨༤.༦༨ཡོད་ལ།  གཙང་བསྒྱུར་ཁུལ་དུ་རྒྱ་ཁྱོན་སྨི་གྲུ་བཞི་མ་༡༡༠༩ཡོད། བཟོ་སྐྲུན་ལྟེ་གནས་ནས་ཐང་དང་ཕྱེ་མ། རིལ་བུ། ཁཎྚ། སྤྱིན་ཐུམ་སོགས་སྡེ་ཚན་༧ལ་སྦྱོར་སྡེ་༢༠༠ལྷག་ཐོན་སྐྱེད་ཐུབ་ཅིང་། དེ་ལས་སྦྱོར་སྡེ་༡༨༧ལ་སི་ཁྲོན་ཞིང་ཆེན་བཟའ་ཆས་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནས་བཟོ་སྐྲུན་ཆོག་ཨང་ཐོབ། སྦྱོར་སྡེ་རྣམས་ནི་ཁུལ་ཡོངས་ཀྱི་རྫོང་དང་། གྲོང་རྡལ། ཡུལ་ཚོ་བཅས་ཀྱི་བོད་སྨན་སྡེ་ཁག་དག་ལ་མཁོ་འདོན་བྱེད་མུས། སྦྱོར་སྡེ་ཀུན་གྲོང་རྡལ་གྱི་ལས་བཟོ་བའི་སྨན་བཅོས་འགན་ལེན་དང། གྲོང་རྡལ་སྡོད་དམངས་པའི་སྨན་བཅོས་འགན་ལེན། ཞིང་ལས་མཉམ་ལས་གསར་བའི་སྨན་བཅོས་འགན་ལེན་བཅས་ཀྱི་གྲལ་དུ་བཙུད་ཡོད་པས་འགྲོ་གྲོན་རྩིས་ཞུ་བྱེད་པའི་ཁོངས་ཡིན།

སྨན་ཁང་ནས་བོད་ཀྱི་གསོ་རིག་ཚན་རིག་ཞིབ་འཇུག་གི་ལས་ཀ་ལ་ཚད་མཐོན་པོའི་སྒོ་ནས་གཟིགས་རྟོགས་མཛད་པས། ཉེ་བའི་ལོ་འགའི་ནང་དུ་རྒྱལ་ཁབ་ཀྱི་ལྔ་འཆར་༡༡པ་དང་། ལྔ་འཆར་༡༢པའི་ཚན་རྩལ་འཆར་གཞིའི་གྲལ་དུ་ཞུགས་ནས་རིམ་པ་མི་འདྲ་བའི་རྣམ་གྲངས་༢༠ལྷག་ལ་བྱ་དགའ་རབ་དང་རིམ་པ་ཐོབ། རྒྱལ་ཡོངས་བོད་སྨན་དངོས་ཚན་སློབ་དེབ་ལས། སྦྱོར་བ་སྨན་དང་བྱིས་པ་གསོ་བ་དག་གི་གཙོ་སྒྲིག་པ་དང་ཐ་མལ་ནད་མེད་ཀྱི་གཙོ་སྒྲིག་གཞོན་པའི་ལས་ཀ་བྱས། དཔྱད་རྩོམ་༢༠༠ལྷག་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ་ཐོག་འདོན་སྤེལ་བྱས་ཤིང་། དཔེ་ཆ་༢༩དཔེ་སྐྲུན་འགྲེམས་སྤེལ་བྱས། དེ་བཞིན་རྔ་ཁུལ་བོད་ཀྱི་གསོ་རིག་ཅེས་པའི་ལོ་དེབ་ཡང་འགྲེམས་སྤེལ་བྱེད་མུས།

ལོ་༢༥རིང་འབད་བརྩོན་དང་ཡར་རྒྱས་སོང་བ་བརྒྱུད། སྨན་ཁང་ནི་རྔ་བ་ཁུལ་བོད་ཀྱི་གསོ་རིག་ལག་རྩལ་མཛུབ་སྟོན་ལྟེ་གནས་དང་། བོད་ཀྱི་གསོ་རིག་ཚན་ཞིབ་རྟེན་གཞི། སི་ཁྲོན་ཞིང་ཆེན་མཐོ་རིམ་སློབ་གླིང་གི་བོད་སྨན་ནད་ཐོག་སློབ་ཁྲིད་རྟེན་གཞི། ཤེས་ལྡན་གསོ་སྐྱོང་རྟེན་གཞི། རྔ་བ་ཁུལ་བོད་ཀྱི་གསོ་རིག་དང་ཀྲུང་ཕྱི་ཟུང་འབྲེལ་བཅས་ཀྱི་ནད་ཐོག་ལག་ལེན་ནུས་རྩལ་རྒྱུགས་བཤེར་རྟེན་གཞི། རྔ་བ་ཁུལ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གནས་བཅས་ཡིན།

སྔ་གཞུག་ཏུ་སི་ཁྲོན་ཞིང་ཆེན་མི་རིགས་གསོ་རིག་ལས་ཀ་ཐུན་མོང་སྔོན་ཐོན་དང་། སི་ཁྲོན་ཞིང་ཆེན་སྨན་བཅོས་འཕྲོད་བསྟེན་མ་ལག་གི་ཐུན་མོང་སྔོན་ཐོན། སི་ཁྲོན་ཞིང་ཆེན་ཀྲུང་ལུགས་དོ་དམ་ཅུས་ཀྱི་ཤེས་ལྡན་གསོ་སྐྱོང་སྔོན་ཐོན་ལས་ཁུངས། རྔ་བ་ཁུལ་ཆེས་བཟང་དཔལ་ཡོན་ལས་ཁུངས། ཀུང་གཞོན་ཚོགས་པའི་རྔ་བ་ཁུལ་ཨུའི་ན་གཞོན་དཔལ་ཡོན་མཚན་སྙན་ཅན་བཅས་ཀྱི་གཟེངས་རྟགས་ཐོབ། 

རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། ཁུལ་བོད་སྨན་ཞིབ་འཇུག་ཁང་གིས་རྒྱུན་འཛིན་དང་། གསར་གཏོད། བྱམས་སྐྱོང། གཏོང་ཕོད་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། བོད་ཀྱི་གསོ་རིག་གི་ཁྱད་ཆོས་ལྡན་པའི་རིག་གནས་འདུ་ཤེས་དང་ལེན་གྱི་ཐོག་ནས། ཐམས་ཅད་ནད་པའི་ཆེད་དང་། ནད་པའི་ཆེད་དུ་ཐམས་ཅད་སྒྲུབ། ཅེས་པའི་སེམས་ཤུགས་ཀྱིས་གསོ་བྱར་ཞབས་འདེགས་ཞུ་མུས།

སླད་མར་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་ཞིང་། ཆེད་མཁས་ཚན་ཁག་གི་ཁྱད་ཆོས་མངོན་པ། སྨན་རྫས་བཟོ་སྐྲུན་གྱི་ནུས་པ་ཁྱད་དུ་འཕགས་པ། ཤེས་ལྡན་སྒྲིག་གཞི་འོས་འཚམ་ཡིན་པ། རིག་གཞུང་གི་ཆུ་ཚད་སྔོན་དུ་འགྲོ་བ་བཅས་ཀྱི་སྤུས་ལེགས་བོད་ལུགས་སྨན་རྩིས་ཁང་དང་། བོད་ཀྱི་གསོ་རིག་ཞིབ་འཇུག་ཁང་ཞིག་ཏུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་ངེས་སོ།


པར་དབང་། རྔ་བ་ཁུལ་བོད་ལུགས་སྨན་རྩིས་ཁང་། པར་དབང་འདི་གར་ཡོད། ཁ་པར་ཨང་གྲངས།(0837)2242510  བརྙན་སྐྱེལ་ཨང་གྲངས། (0837)2242510
ས་གནས། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མཛེས་ལུང་སྲང་ལམ་གྱི་ཨང་176པ། སྦྲགས་ཨང་། 638000 Email:[email protected]
技术支持:五佳网络  浏览次数:12351次  
  •  
  • སྐད་འཕྲིན་གྱི་བཤེར་རིས།